༈ མཇུག་བསྔོ་བ་བཞུགས་སོ་དང་བཀྲ་ཤིས་ཁག་བཞུགས་སོ།། Dedication Prayer and Noble Auspecious Prayer


༈ མཇུག་བསྔོ་བ་བཞུགས་སོ།། བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག༔ སྐྱེས་པ་ཉམས་པ་མེད་པ་ཡང་༔ གོང་ནས་གོང་དུ་ འཕེལ་བར་ཤོག༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག༔ བྱང་ ཆུབ་སེམས་དཔའ་གང་དག་སར་བཞུགས་པ༔ དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག༔ རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་ རྫོགས་པ་མཐར་ཕྱིན་ནས། །ཆོས་རྔ་སྒྲོག་པའི་འཇིག་རྟེན་མཛེས་པར་ཤོག། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་ གཉིས་ལྷུན་གྱིས་འགྲུབ་པར་ཤོག ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ན་ཉེས་པས་དགྲ་ རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འགྲོལ་བར་ཤོག།

༈ བཀྲ་ཤིས་ཁག་བཞུགས་སོ།། 
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དར་ཞིང་། རྒྱས་པ་ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་ རིང་གནས་པའི་བཀྲ་ཤིས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་ རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ ཤིས་ཤོག། །།

Comments

Popular posts from this blog

མར་མེའི་སྨོན་ལམ་བཞུགས་སོ།། Marme Monlam ~ Lamp Offering Prayer.

༈ གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ།།

༈ ཚིག་བདུན་གསོལ་འདེབས་ནི།། Seven line prayer to Guru Rinpoche