༈ ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་བཞུགས་སོ།། The Visualization and Recitation for Chenrezig, The Great Compassionate One


༈ ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་བཞུགས་སོ།།



༄༅།།སྤྱན་རས་གཟིགས་བསྒོམ་བཟླས་། ཐོག་མར་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་ བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། ཞེས་སྐྱབས་སུ་འགྲོ་བ་སྔོན་དུ་སོང་ནས། སྤྱན་རས་གཟིགས་བསྒོམ་བཟླས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ། ལྷ་བསྐྱེད་ནི། བདག་སོགས་མཁའ་ཁྱབ་སེམས་ཅན་གྱི། །སྤྱི་གཙུག་པད་དཀར་ཟླ་བའི་སྟེང་། །ཧཱུྃ་ལས་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ། །མཛེས་འཛུམ་ཐུགས་རྗེ་སྤྱན་གྱིས་གཟིགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་བརྒྱན་གྱིས་སྤྲས། །རི་དྭགས་སྤགས་པའི་སྟོད་གཡོགས་གསོལ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞབས་གཉིས་རྡོ་རྗེའི་དཀྱིལ་ཀྲུང་བཞུགས། །དྲི་མེད་ཟླ་བར་རྒྱབ་བརྟེན་པ། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ། ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞེས་ཅི་ནུས་བསགས། ཡན་ལག་བདུན་པ་ནི། ། འཕགས་པ་སྤྱན་རས་གཟིགས་དབང་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དྭངས་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་པའི་ཚོགས་ཀྱི་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉིན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག། །སྤྲོ་ན་དགེ་སློང་པདྨ་དཀར་པོའི་ཐུགས་དམ་སྤྱན་རས་གཟིགས་ཀྱི་གསོལ་འདེབས་ནི། གསོལ་བ་འདེབས་སོ་བླ་མ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཡི་དམ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་སྐྱབས་མགོན་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་བྱམས་མགོན་སྤྱན་རས་གཟིགས། །ཐུགས་རྗེ་ ཟུངས་ཤིག་རྒྱལ་བ་ཐུགས་རྗེ་ཅན། །མཐའ་མེད་འཁོར་བ་གྲངས་མེད་འཁྱམས་གྱུར་ཅིང་། །བཟོད་མེད་སྡུག་བསྔལ་མྱོང་བའི་འགྲོ་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཞེ་སྡང་དབང་གིས་དམྱལ་བར་སྐྱེས་གྱུར་ཏེ། །ཚ་གྲང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་། །ལྷ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧཱུཾ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །སེར་སྣའི་དབང་གི་ཡི་དྭགས་གནས་སུ་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ཞིང་མཆོག་པོ་ཏཱ་ལ་རུ་སྐྱེ་བར་ཤོག ༀ་མ་ཎི་པདྨེ་ཧཱུཾ། ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །གཏི་མུག་དབང་གིས་དུད་འགྲོར་སྐྱེས་གྱུར་ཏེ། །གླེན་ལྐུག་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །མགོན་ པོ་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག ༀ་མ་ཎི་པདྨེ་ཧཱུཾ། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །འདོད་ཆགས་དབང་གིས་མི་ཡི་གནས་སུ་སྐྱེས། །བྲེལ་ཕོངས་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག ཨོཾ་མ་ཎི་པདྨེ་ཧཱུཾ། །ཐོག་མེད་དུས་ནས་ལས་ངན་བསགས་པའི་བཐུས། །ཕྲ་དོག་དབང་གིས་ལྷ་མིན་གནས་ སུ་སྐྱེས། །འཐབ་རྩོད་སྡུག་སྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏཱ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུཾ། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ང་རྒྱལ་དབང་གིས་ལྷ་ཡི་གནས་སུ་སྐྱེས། །འཕོ་ལྟུང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏཱ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྤྱན་རས་གཟིགས་དང་མཛད་པ་མཚུངས་པ་ཡིས། །མ་དག་ཞིང་གི་འགྲོ་རྣམས་སྒྲོལ་བ་དང་། །གསུང་མཆོག་ཡིག་ དྲུག་ཕྱོགས་བཅུར་རྒྱས་པར་ཤོག །འཕགས་མཆོག་ཁྱེད་ལ་གསོལ་བ་འདེབས་པའི་མཐུས། །བདག་གི་གདུལ་བྱར་གྱུར་པའི་འགྲོ་བ་རྣམས། །ལས་འབྲས་ལྷུར་ལེན་དགེ་བའི་ལས་ལ་བརྩོན།།འགྲོ་བའི་དོན་དུ་ཆོས་དང་ལྡན་པར་ཤོག།
།ཅེས་དང་ཅེས་པ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་རང་གི་སྐྱེ་བ་གོང་མ་དགེ་སློང་པདྨ་དཀར་པོར་འཁྲུངས་པའི་སྐབས་དགུང་ལོ་ཉི་ཤུ་ནས་བརྒྱད་ཅུའི་བར་དུ་སྨྱུང་བར་གནས་བས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བཏབ་པའི་ཚིག་འདི་སྔོན་ནས་རྗེས་དྲན་དུ་གསུངས་པ་སྟེ། བྱིན་རླབས་ཀྱི་ཚན་ཀ་མཆོག་དང་ལྡན་པ་ལགས་སོ།། དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཕགས་པའི་སྐུ་ལས་འོས་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ཞིང་། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། །སྣང་གྲགས་རིག་སྟོང་དབྱེར་མེད་གྱུར། །ཅེས་པའི་དོན་བསྒོམ་བཞིན་དུ། ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་འགྲུབ་བཟླས། མཐར་འཁོར་གསུམ་མི་རྟོག་པའི་ངང་མཉམ་པར་བཞག །བདག་གཞན་ལུས་སྣང་འཕགས་པའི་སྐུ། །སྒྲ་གྲགས་ཡི་གེ་དྲུག་པའི་དབྱངས། །དྲན་རྟོགས་ཡེ་ ཤེས་ཆེན་པོའི་ཀློང་། །དགེ་བ་འདི་ཡི་མྱུར་དུ་བདག། སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་ མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ་འདི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུང་བྱིན་བརླབ་ཅན་ནོ། །སརྦ་མངྒ་ལཾ།། །།འདི་ལྟར་སྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེ་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །

Comments

Popular posts from this blog

མར་མེའི་སྨོན་ལམ་བཞུགས་སོ།། Marme Monlam ~ Lamp Offering Prayer.

༈ གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ།།

༈ ཚིག་བདུན་གསོལ་འདེབས་ནི།། Seven line prayer to Guru Rinpoche