Gyalsen Lagle, ༄༅།། རྒྱལ་སྲས་ལག་ལེན་སོ་བདུན་མ།།
༄༅།། རྒྱལ་སྲས་ལག་ལེན་སོ་བདུན་མ།།
མཆོད་པར་བརྗོད་པ–
གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་།། འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པ།།
བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ།། རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
རྩོམ་པར་དམ་བཅས–ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས།། དམ་ཆོས་བསྒྲུབས་ལས་བྱུང་སྟེ་དེ་ཡང་ནི།།དེ་ཡི་ལག་ལེན་ཤེས་ལ་རག་ལས་པས།། རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ།།
དལ་འབྱོར་ལས་སྙིང་པོ་ལེན་དགོས་ཚུལ–
དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར།། བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར།།
ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི།། ཉན་སེམས་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།
ཕ་ཡུལ་ལ་ཞེན་པ་སྤོང་ཚུལ–
གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།། དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།།
བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།། ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།༤།།
དབེན་པའི་ཕན་ཡོན་–
ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ།། རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ།།
རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ།། དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན།།
ཚེ་འདི་བློས་གཏོང་ཚུལ–
ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ།། འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས།།
ལུས་ཀྱི་འགྲོན་ཁང་རྣམ་ཤེས་འགྲོན་པོས་བོར།། ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན།།༦།
གྲོགས་ངན་སྤོང་དགོས་ཚུལ–
གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་།། ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་ལ།།
བྱམས་དང་སྙིང་རྗེ་མེད་པར་བསྒྱུར་བྱེད་པའི།། གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།༧།།
དགེ་བའི་བཤེས་གཉེན་བསྟེན་ཚུལ་–
གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་།། ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི།།
བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་།། གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན།།།།
སྐྱབས་ཡང་དག–
རང་ཡང་འཁོར་བའི་བཙོན་རར་བཅིང་བ་ཡི།། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།།
དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི། ། དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན།།༩།།
སྡིག་པ་བཤགས་དགོས་ཚུལ–
ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས།། སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས།།
དེ་ཕྱིར་སྲོག་ལ་བབ་ཀྱང་སྡིག་པའི་ལས།། ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།།༡༠།།
ཐར་པ་དོན་དུ་གཉེར་དགོས་ཚུལ–
སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་བ་བཞིན།། ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན།།
ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག། དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན།།༡༡།།
སྙིང་རྗེའི་རྩ་བ་ཅན་གྱི་སེམས་བསྐྱེད་–
ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན།། མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ།
། དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར།། བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན།།༡༢།།
བདག་གཞན་བརྗེ་བའི་བློ་སྦྱོང་ཚུལ–
སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་། རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས།།
དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག། ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན།།༡༣།།
ཐུན་མོང་གི་བསླབ་བྱ–
སུ་དག་འདོད་ཆེན་དབང་གིས་བདག་གི་ནོར།། ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་།།
ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས།། དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན།།༡༤།
བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ།། གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་།།
སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས།། བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན།།༡༥།།
བགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ།། སྟོང་གསུམ་ཁྱབ་པར་སྒྲོག་པར་བྱེད་ན་ཡང་།།
བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི།། ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན།།༡༦།།
འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས།། མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་།།
དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས།། གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན།།༡༧།།
བདག་གི་བུ་བཞིན་གཅེས་པར་བསྐྱངས་པའི་མིས།། བདག་ལ་དགྲ་བཞིན་བལྟ་བར་བྱེད་ན་ཡང་།།
ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ།། ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན།།༡༨།།
རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས།། ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང་།།
བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི།། སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན།།༡༩།།
སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད།། རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་།།
སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས།། ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།།༡།།
འཚོ་བས་འཕོངས་ཤིང་རྟག་ཏུ་མི་ཡིས་བརྙས།། ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར།།
འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་།། ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།།༢༠།།
རང་གི་ཞེ་སྡང་དགྲ་བོ་མ་འཐུལ་ན།། ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར།།
དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས།། རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན།།༢༢།།
འདོད་ཡོན་ལ་ཞེན་པ་སྤོང་ཚུལ–
འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ།། ཇི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བར་འགྱུར།།
གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས།། འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།༢༣།།
ཆགས་ཡུལ་ལ་མངོན་ཞེན་སྤོང་ཚུལ–
ཡིད་དུ་འོང་བའི་ཡུལ་དང་འཕྲད་པའི་ཚེ།། དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ།།
མཛེས་པར་སྣང་ཡང་བདེན་པར་མི་ལྟ་ཞིང་།། ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།༢༥།།
ཚུལ་མིན་ཡིད་བྱེད་སྤྱོང་ཚུལ–
ཇི་ལྟར་སྣང་བ་འདི་དག་རང་གི་སེམས།། སེམས་ཉིད་གདོད་ནས་སྤྲོལ་པའི་མཐའ་དང་བྲལ།།
དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས།། ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།།༢༤།།
འཁྲུལ་སྣང་བདེན་མེད་དུ་ངེས་པས་སྡུག་བསྔལ་ལ་ཇི་མི་སྙམ་ཚུལ–
སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར།། འཁྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད།།
དེ་ཕྱིར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ།། འཁྲུལ་བར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན།།༢༦།།
སྦྱིན་པའི་ཕར་ཕྱིན་–
བྱང་ཆུ་འདོད་པས་ལུས་ཀྱང་བཏང་དགོས་ན།། ཕྱི་རོལ་དངོས་པོ་རྣམས་ལྟ་སྨོས་ཅི་དགོས།།
དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི།། སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན།།༢༧།
ཚུལ་ཁྲིམས–
ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན།། གཞན་དོན་འགྲུབ་པར་འདོད་པ་གད་མོའི་གནས།།
དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི།། ཚུལ་ཁྲིམས་བསྲུངས་པ་རྒྱལ་སྲས་ལག་ལེན་ཡིན།།༢༨།།
བཟོད་པ–
དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ།། གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས།།
དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི།། བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།༢༩།།
བརྩོན་འགྲུས–
རང་དོན་འབའ་ཞིག་བསྒྲུབ་པའི་ཉན་རང་ཡང་།། མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན།།
འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི།། བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན།༣༠།།
བསམ་གཏན་–
ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།། ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས།
གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི།། བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།༣༡།
ཤེས་རབ–
ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས།། རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས།།
ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི།། ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།༣༢།།
རང་གི་འཁྲུལ་བ་ལ་བརྟག་དགོས་ཚུལ–
རང་གི་འཁྲུལ་བ་རང་གིས་མ་བརྟགས་ན།། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས།།
དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་ལ།། བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།༣༣།།
གཞན་གྱི་ཉེས་པ་མི་གླེང་བ–
ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི།། ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས།།
ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི།། ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན།།༣༤།།
རྙེད་བཀུར་ལ་ཞེན་པ་སྤོང་བ་–
རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་།། ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས།།
མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ།། ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།༣༥།།
ཚིག་རྩུབ་སྤོང་བ–
རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང་།། ༧རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས།།
དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བས།། ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།༣༦།།
ཉོན་མོངས་ལ་འབུར་འཇོམས་བྱེད་ཚུལ་–
ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས།། དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་གཟུང་ནས།།
ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག། འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན།།༣༧།།
སྙིང་དོན–
མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང་།། རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས།།
རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས།། གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན།།༣༨།།
བསྔོ་བ–
དེ་ལྟར་བརྩོན་པས་བསྒྲུབས་པའི་དགེ་བ་རྣམས།། མཐའ་ཡས་འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར།།
འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས།། བྱང་ཆུབ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན།།༢༩།།
མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན།། དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས།།
རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན།། རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་བཀོད།།༤༠།། །
བློ་གྲོས་དམན་ཞིང་སྦྱངས་པ་ཆུང་བའི་ཕྱིར།། མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཏེ།
མདོ་དང་དམ་པའི་གསུང་ལ་བརྟེན་པའི་ཕྱིར།། རྒྱལ་སྲས་ལག་ལེན་འཁྲུལ་མེད་ལགས་པར་སེམས།།༤༡།
ཉེས་ཆ་བཤགས་པ། འོན་ཀྱང་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས།། བློ་དམན་བདག་འདྲས་གཏིང་དཔག་དཀའ་བའི་ཕྱིར།།
འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས།། དམ་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ།།༤༢།།
བརྩམས་པའི་དགེ་བསྔོ–
འདི་དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན།། དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས།།
སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི།། སྤྱན་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག།༤༣།།
Comments
Post a Comment